[284A] །།རྒྱ་གར་སྐད་དུ་བཛྲ་ཧྲི་ད་ཡ་བཛྲ་ཛི་ཧཱ་ན་ལ་ནཱ་མ་དྷ་ར་ ཎཱི༑ བོད་སྐད་དུ། རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་ གཅིག་ན། བཅོམ་ལྡན་འདས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ན་བཞུགས་ཏེ་དེ་ན་འཁོར་ཉེ་བའི་སྲས་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་དང། རང་སངས་རྒྱས་དང། ལྷ་དང། མི་ དང༑ ལྷ་མ་ཡིན་དང། ཀླུ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐུགས་ཀ་ནས་འོད་ ཟེར་རབ་ཏུ་བཀྱེ་བར་གྱུར་ཏེ། འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བྱས་ནས་སེམས་ཅན་ཐམས་ཅད་ཀྱི་ནད་དང། མི་བདེ་བ་དང། སྡུག་ བསྔལ་ཐམས་ཅད་དང་བྲལ་བར་བྱས་སླར་བཅོམ་ལྡན་འདས་ཀྱི་ཐུགས་སུ་ཞུགས་སོ། །དེ་ནས་དྲང་སྲོང་ཆེན་པོ་ཉེས་འདོར་ལངས་ཏེ་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ [284B] །བཅོམ་ལྡན་འདས། འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་ཐམས་ཅད་ལ་ནད་དང། དུག་དང། རིམས་དང། དགྲ་དང་གདོན་དང། བྱད་སྟེམས་དང། རྦོད་གཏོང་དང་ ཆར་ཆེས་པ་དང། ཆར་མི་འབབ་པ་དང། ལོ་ཏོག་མ་རུངས་པར་བྱེད་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་སྡུག་བསྔལ་ཞིང་ཉམ་ཐག་པར་གྱུར་ན། དེ་ལ་ཇི་ལྟར་བསྲུང་བ་དང། བསྐྱབ་ པ་དང། སྦ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲང་སྲོང་ཆེན་པོ་ཉེས་འདོར། །ང་ལ་རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས་ཡོད་དེ། དེས་སེམས་ཅན་ཐམས་ ཅད་ལ་བསྲུང་བ་དང། བསྐྱབ་པ་དང། སྦ་བར་བྱེད་དོ། །དེ་ངས་བཤད་ཀྱིས་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དེ་ནས་བཅོམ་ལྡན་འདས་ཀྱིས་བཛྲ་བཛྲ་ཧཱུཾ་ཞེས་གསུངས་ པས་རྡོ་རྗེ་སྙིང་པོ་ཁྲོ་ཞིང་གཏུམ་པ། གདུག་པའི་ཆ་ལུགས་ཅན་ཐོན་ནས་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་འཁོད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མགྲིན་གཅིག་ཏུ་གཟུངས་ འདི་བཀའ་སྩལ་ཏོ། །ཉི་མ་ནཱན། ཟླ་བ་ནཱན། ཀླད་པ་ནཱན། ཀུ་ན་ཞི། ཙི་ཏ་ཀུ་ལི་ནཱན། ཡཀྵ་ཟློག་བྱེར། དེ་ནས་གཟུངས་འདི་གསུངས་མ་ཐག་ཏུ་བགེགས་དང། ལོག་འདྲེན་ཐམས་ཅད་ འཇིགས་ཤིང་སྐྲག་ནས་ཁ་སྦུབ་ཏུ་འགྱེལ་ཏེ་ཝུ་བར་སྐྱུག་ཅིང་བརྒྱལ་བར་གྱུར་ཏོ། །དེ་ནས་ཀླུའི་རྒྱལ་པོ་མཐའ་ཡས་ཀྱང་འཇིགས་སྐྲག་ནས་ལུས་འདར་ཞིང་བཅོམ་ལྡན་འདས་ལ་ཕྱག་ [285A]༄༅། །འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་དགྲ་དང། གདོན་ཐམས་ཅད་བརླག་པར་བྱེད་པའི་གཟུངས་འདི་བརྗོད་པར་བགྱིའི། བཅོམ་ ལྡན་འདས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །ན་མོ་བུདྡྷ་ཡ། ཙི་ཏྲ་མུ་དྲ་ཡཀྵ་ཟློག་བྱེར། དེ་ནས་གཟུངས་འདི་སྨྲས་མ་ཐག་ཏུ་ས་ཆེན་པོ་གཡོས་པར་གྱུར་ཏེ། འཇིག་རྟེན་གྱི་ཁམས་ཐམས་ ཅད་ཁ་སྦུབ་ཏུ་འགྱེལ་ཏེ༑ གདོན་དང་ལོག་འདྲེན་ཐམས་ཅད་ཁ་སྦུབ་ཏུ་འགྱེལ་ཏེ། ཁྲག་ཏུ་སྐྱུག་ཅིང་དབུགས་དང་བྲལ་བར་གྱུར་ཏོ། །དེ་ནས་ཡང་ཀླུ་མཐའ་ཡས་ཀྱིས་འདི་སྐད་ཅེས་བརྗོད་ དོ༑ ༑བཅོམ་ལྡན་འདས། བདག་གིས་སེམས་ཅན་ཐམས་ཅད་ལ་བསྲུང་བ་དང། བསྐྱབ་བ་དང། སྦ་བར་བགྱིའོ། །བཅོམ་ལྡན་འདས་ཀྱི་བསྟན་པ་བསྲུང་བར་བགྱིའོ། །སངས་རྒྱས་ཀྱི་བསྟན་ པ་ཡུན་རིང་དུ་གནས་པར་བགྱིའོ། །ཆར་དུས་སུ་དབབ་ཅིང་ལོ་ཏོག་ཐམས་ཅད་བསྲུང་བར་བགྱིའོ། །ནད་དང་དགྲ་དང་གདོན་ཐམས་ཅད་གཞོམ་པར་བགྱིའོ། །བཅོམ་ལྡན་འདས་ཀྱིས་ཇི་ ལྟར་བཀའ་སྩལ་པ་ལྟར་བགྱིད་པ་ལས་ལྡོག་པར་མི་བགྱིད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་སོ་ལེགས་སོ། །ཀླུའི་རྒྱལ་པོ་མཐའ་ཡས། །ཁྱོད་ཀྱིས་ཇི་ལྟར་དམ་ བཅས་པ་ལྟར་གྱིས་ཤིག་དམ་ཚིག་རྗེས་སུ་སྲུངས་ཤིག་ཇི་ལྟར་ངའི་བཀའ་བཅག་ན་ངན་སོང་དུ་ལྷུང་བར་གྱུར་ཏ་རེ། ངའི་ཇི་ལྟར་བསྒོ་བ་ཐམས་ཅད་གྱིས་ཤིག་དེ་ནས་གསང་བའི་བདག་ [285B]འགྲུབ་པ་དྲག་པོ་རབ་ཏུ་མི་བཟད་པ་འདི་སྨྲས་སོ། །བཛྲ་བཛྲ་ཧཱུཾ། ན་མོ་བུདྡྷཱ་ཡ་ཙི་ཏྲ་མུ་དྲ་ཡཀྵ་ཟློག་བྱེར། ནཱ་ག་ཤིག་ནཱ་ག་བྱེར། ནཱ་ ག་ནན༑ ནཱ་ག་གོ་ལ་ནན། ནཱ་ག་ཧ་ན་ཧ་ན་མཱ་ར་ཡ་རྦད་ནན་ས་གདོན་ནག་པོ་སོད་ས་གདོན་ནག་པོ་སོད། ས་གདོན་ནག་པོ་ནན། ཕྱུག་ཙི་ཕཊ། ཙི་ཀ་ཕྱུ་ཕཊ། ལྕེ་པ་ཏི་ཕཊ། ཨེ་ག་བ་ ར་ཙེ་དི་ནཱ་ག་བ་ར་མ་མ་ཧཱ་བ་ལ་ས་ཏ་ཡེ་གོ་དེ་སད་ཏེ་ནན་ཐུམ་རིལ་རྦད་ཆེ་གེ་མོ་མཱ་ར་ཡ། ཛརྦད་ནན། ནཱ་ག་ཧྲིལ་ཧྲིལ། ནཱ་ག་ཕྲོཾ་ཕྲོཾ། ནཱ་ག་ཕོབ། བཛྲ་པྲ་བེ་ཤ་ཡ་ས་འདི་སྲུངས་ཤིག་ བྱེར་ཡ། བྷྱོར་མ་མ་ཧཱ་ཨ་ཧཱུཾ་ཧཱུཾ་ཕཊ་སཱཧཱ། མཱ་ར་ཡ་ཤཱནྟིཾ་ཀུ་རུ་སཱ་ཧཱ། ར་ཤ་མཱ་ར་ཡ་རྦད་ཤིག་བྱེར། ནན་ནན། ཧ་ན་ཧ་ན་མཱ་ར་ཡ་རྦད་ནན། དེ་ནས་གཟུངས་འདི་གསུངས་མ་ཐག་ཏུ་ནམ་ མཁའ་ལ་གནམ་ལྕགས་དྲག་པོའི་རྡོ་རྗེའི་ཐོག་ཕབ་ནས་དགྲ་དང་གདོན་དང། ལོ་ཏོག་མ་རུངས་པར་བྱེད་པ་ཐམས་ཅད་ཀྱི་ལུས་དུམ་བུ་དུམ་བུར་ཏུབས་ནས་རྡུལ་ཕྲ་རབ་བཞིན་དུ་ བརླག་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོ་ག་བཀའ་སྩལ་པ། དྲང་སྲོང་ཆེན་པོ། སའི་དཀྱིལ་འཁོར་གྲུ་བཞི་པ་བྱི་དོར་བྱས་ནས་བའི་རྣམ་ལྔས་བྱུག་པར་བྱའོ། །ཙནྡན་ དང་རྒྱ་སྤོས་དྲི་ཞིམ་པོས་བྱུག་པར་བྱའོ། །མེ་ཏོག་སིལ་མ་དགྲམ་མོ། །བུམ་པ་གང་བ་གཞག་གོ་མར་མེ་འབུད་དོ། །གཏོར་མ་བཟང་པོ་བཞག་གོ་ལྕགས་སམ་སེང་ལྡེང་གི་ཕུར་པ་གཟུག་ [286A]༄༅། །སོ༑ ༑དབུས་སུ་རྡོ་རྗེ་སྙིང་པོ་གཞག་པར་བྱའོ། །དེའི་མདུན་དུ་ཀླུ་མཐའ་ཡས་གཞག་གོ་དེ་ནས་མཆོད་པར་འདོད་ན་མེ་ཏོག་ལ་སོགས་པ་མཆོད་པ་ལྔ་བྱའོ། །ཀླུ་ མཆོད་པར་འདོད་ན་འཁར་བའི་སྣོད་དུ་འོ་མ་དང། ཀླུ་སྨན་སྣ་ཚོགས་དང། རྩི་སྨན་སྣ་ཚོགས་ཀྱིས་བྱའོ། །ནད་དང་དུག་སྲུང་བར་འདོད་ན་ཚིལ་ཆེན་དང། གླ་རྩི་དང། སྐུད་པ་སྔོན་པོ་དང་རྨ་ བྱའི་སྒྲོས་བྱའོ། །ཀླུ་ནག་པོ་ཆེན་པོ་ལ་ནི། ཚིལ་ཆེན་དང། གླ་རྩི་དང། ཚོན་སྐུད་སྣ་ལྔ་དང། སེང་ལྡེང་གི་ཕུར་པས་བྱའོ་།འབྱུང་པོ་ཐམས་ཅད་ལ་ནི། ཕུར་པ་དང། ཡུངས་ཀར་གྱིས་ བྱའོ༑ ༑སྐྱ་རེངས་འཆར་ཀའི་གདོན་ལ་ནི། ཕུར་པ་དང། ཉུངས་ཀར་དང། ཉུངས་ནག་དང། སྐེ་ཚེ་དང། ཐལ་ཆེན་གྱིས་བྱའོ་།འབྱུང་པོ་ཀུན་ཏུ་རྒྱུ་བ་ལ་ནི། ཕུར་བུ་ལྔ་དང། ཐོད་ བས་བྱའོ། །གཞན་དག་གསད་པར་འདོད་ན། ཕུར་པ་དང། གཟུགས་དང་ཐོད་པས་བྱའོ། །མནན་པར་འདོད་ན། ཐོད་པ་དང། དུག་དང། ཉུངས་ཀར་གྱིས་བྱའོ། །ལོ་ཏོག་གཞོམ་ པར་འདོད་ན། ཐོད་པ་དང། དུག་དང། ཉུངས་ཀར་དང། ཚིལ་ཆེན་དང། ཁྲག་སྣ་ཚོགས་ལ་བྱའོ། །ལོ་ཐོག་སྲུང་བར་འདོད་ན། ཐལ་ཆེན་དང། སྐེ་ཚེ་དང། ཕུར་བུས་བྱའོ། །ཀུན་ཏུ་ སྲུང་བ་ཞེས་བྱ་བ་གཞན་གྱི་རྦོད་གཏོང་བཟློག་པར་འདོད་ན་མཆོད་རྟེན་དང། གཟུགས་དང། ཐོད་པ་དང། ཉུངས་ཀར་དང། ཕུར་པས་བྱའོ། །ཐམས་ཅད་ཞི་བར་འདོད་ན། ཐབ་ཁུང་ [286B]དང། མངར་གསུམ་དང། འབྲས་དང། ཏིལ་དང། མར་དཀར་ལ་སྦྱིན་སྲེག་བྱ་ཞིང། ཆེ་གེ་མོ་མཱ་ར་ཡ་ཤིནྟིཾ་ཀུ་རུ་སཱཧཱ། ཞེས་བཟླས་ན་ ཐམས་ཅད་སྲུང་བར་འགྱུར་རོ། །གང་དག་གསད་པར་འདོད་ན། སླ་ངའི་ནང་དུ་སེང་ལྡེང་ངམ་གདུག་པའི་ཤིང་ལ་མེ་བཏང་ལ་གདུག་པའི་རྫས་སྣ་ཚོགས་དང། སྐེ་ཚེ་དང། ཏིལ་དང། མར་ ནག་དང། ཚིལ་ཆེན་དང་མིང་བྱང་སྤེལ་ཏེ། སྦྱིན་སྲེག་བྱ་ཞིང། ཆེ་གེ་མོ་ར་ཤ་མཱ་ར་ཡ་རྦད་ཅེས་བཟླས་ན། དགྲ་དང་གདོན་ཐམས་ཅད་བརླག་པར་འགྱུར་རོ། །བདག་དང་གཞན་སྲུང་ བར་འདོད་ན། རྨ་བྱའི་མཁྲིས་པ་དང། ཀ་ར་དང། སའི་བདུད་རྩི་ལོ་ལྔ་བརྒྱ་ལོན་པས་བྱའོ། །ཀླུ་ས་བདག་སྲུང་བར་འདོད་ན། སྤོས་དང། གུ་གུལ་ནག་པོ་དང། གླ་རྩི་དང། མུ་ཟི་དང་ ལྡོང་རོས་དང། དྲི་ཆེན་དང། སྦྲང་རྩིས་བྱའོ། །མཆོག་ཏུ་སྲུང་བར་འདོད་ན། འབྲས་བུ་གསུམ་དང། བུ་ཆུང་གི་རང་བྱུང་དང། དྲི་ཆུས་བྱའོ། །ཁྱད་པར་དམ་པ་སྲུང་བ་ཆེན་པོ་ནི། ཨ་རུ་ར་རྣམ་ པར་རྒྱལ་བ་བཅང་ཞིང་གཟུངས་འདི་བརྗོད་པར་བྱའོ། །ཤིག་བྱེར་ནཱན། མགོ་ནཱན། ཧ་ན་ཧ་ན་མ་ར་ཡ་རྦད་ནཱན། དྲང་སྲོང་ཆེན་པོ་ཉེས་འདོར། གཟུངས་འདི་ཡིད་ལ་རབ་ཏུ་ཟུངས་ཤིག་སེམས་ ཐམས་ཅད་ལ་བསྲུང་བ་དང། བསྐྱབ་པ་དང། སྦ་བར་གྱིས་ཤིག་།ངའི་བསྟན་པ་རྗེས་སུ་སྲུངས་ཤིག་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་དྲང་སྲོང་ཆེན་པོ་ཉེས་འདོར་དང་ [287A]༄༅། །ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང། ལྷ་དང་མི་དང། ལྷ་མ་ཡིན་དང། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་ གསུངས་པ་ལ་མངོན་པར་བསྟོད་དོ།། །།རྡོ་རྗེ་སྙིང་པོ་རྡོ་རྗེ་ལྕེ་དབབ་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།འདི་དང་པོ་སྐ་ཅོག་གིས་བསྒྱུར་ཞིང། ཕྱིས་གཉན་ ལོ་ཙྪ་བ་དྷརྨ་གྲགས་ཀྱིས་ཀྱང་བསྒྱུར་རོ།།